Degé Kangyur volume 27, F.46.a

བཙུན་པ་རབ་འབྱོར་འོ་ན་དེ་སུའི་མཐུ། དེ་སུའི་བྱིན་གྱིས་བརླབས། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །​དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་བྱིན་གྱིས་བརླབས་མེད་ན། ཅིའི་ཕྱིར་དེ་སྐད་དུ། འདི་ནི་དེ་བཞིན་གཤེགས་པའི་མཐུའོ། །​འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སོ། །​ཞེས་སྨྲ་བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་སོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་སོ། །​བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་ལ། དེ་བཞིན་གཤེགས་པ་ལ་ཡང་བྱིན་གྱིས་བརླབས་མེད་པའི་ཆོས་མི་དམིགས་སོ། །​དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་མི་དམིགས་སོ། །​གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ། །​གཟུགས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་ཆོས་ཉིད་མི་དམིགས་སོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་སོ། །​རྣམ་པར་ཤེས་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་རྣམ་པར་ཤེས་པའི་ཆོས་ཉིད་མི་དམིགས་སོ། །​སྐྱེ་མཆེད་དང་། །​ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་རྣམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7467#UT22084-026-001-7467