Degé Kangyur volume 27, F.39.b

ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །​ཀཽ་ཤི་ཀ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་བཏགས་པ་ཙམ་དུ་བསྟན་ཏོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་གཟུགས་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་མིག་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མིག་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡིད་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་གཟུགས་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྒྲ་དང་དྲི་དང་རོ་དང་། རེག་དང་། ཆོས་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་མིག་གི་རྣམ་པར་ཤེས་པ་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མིག་གི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7454#UT22084-026-001-7454