Degé Kangyur volume 27, F.33.b

ཤེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​འདུས་མ་བྱས་ཀྱི་ཁམས་འགག་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་འདུས་མ་བྱས་ཀྱི་ཁམས་ཤེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​འདུས་མ་བྱས་ཀྱི་ཁམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། །​ཞི་བ་འདུས་མ་བྱས་ཀྱི་ཁམས་ཤེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​འདུས་མ་བྱས་ཀྱི་ཁམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་འདུས་མ་བྱས་ཀྱི་ཁམས་ཤེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​ལྷའི་བུ་དག་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལྟར་ཟབ་པ་ནས། དེ་ལྟར་ཤིན་དུ་འཕགས་པ། དེ་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བའི་བར་དེ་ལ། ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དེ། ཇི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་པ་དེ་བཞིན་དུ། འདི་ལ་སེམས་ཅན་གང་ཡང་ཡིད་ཆེས་པར་མི་བྱེད་དོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་རྣམ་པར་མ་བཀོད་དམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་ཡང་མ་བསྟན་ཏམ། སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7442#UT22084-026-001-7442