Degé Kangyur volume 27, F.28.b

འགག་པ་མེད་པ་མ་རིག་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་འགག་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་རྒ་ཤི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​མ་རིག་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་མ་རིག་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་རྒ་ཤི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​མ་རིག་པ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་མ་རིག་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་རྒ་ཤི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ།​། །​།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ཉེར་དགུ་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །​སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མཚན་མ་མེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7432#UT22084-026-001-7432