Degé Kangyur volume 26, F.5.a

ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས་ཀྱང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །​སེམས་ཅན་གང་གིས་ཆོས་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །​རྫུ་འཕྲུལ་དེ་མངོན་པར་འདུ་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། །​རབ་ཏུ་གཡོས་སོ། །​ཀུན་ཏུ་གཡོས་སོ། །​འགུལ་ཏོ། །​རབ་ཏུ་འགུལ་ཏོ། །​ཀུན་ཏུ་འགུལ་ཏོ། །​ལྡེག་གོ །​རབ་ཏུ་ལྡེག་གོ །​ཀུན་ཏུ་ལྡེག་གོ །​ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་ཆེམ་ཆེམ་མོ། །​འུར་འུར། རབ་ཏུ་འུར་འུར། ཀུན་དུ་འུར་འུར་རོ། །​ཤིག་ཤིག །​རབ་ཏུ་ཤིག་ཤིག །​ཀུན་དུ་ཤིག་ཤིག་གོ །​ཤར་མཐོ་ན་ནི་ནུབ་དམའ། ནུབ་མཐོ་ན་ནི་ཤར་དམའ། བྱང་མཐོ་ན་ནི་ལྷོ་དམའ། ལྷོ་མཐོ་ན་ནི་བྱང་དམའ། མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་སྟེ། དལ་བུས་བགས་ཀྱིས་ཉམས་སུ་བདེ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པར་གྱུར་ཏོ། །​དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཆད་ཅིང་སྟོངས་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་། མི་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །​དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6623#UT22084-026-001-6623