Degé Kangyur volume 27, F.18.b

ཡིན་ནོ། །​མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​སའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆུའི་ཁམས་ཀྱི་རང་བཞིན་དང་། མེའི་ཁམས་ཀྱི་རང་བཞིན་དང་། རླུང་གི་ཁམས་ཀྱི་རང་བཞིན་དང་། ནམ་མཁའི་ཁམས་ཀྱི་རང་བཞིན་དང་། རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​མ་རིག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་། སྲེད་པ་དང་ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་རྒ་ཤི་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། མ་རིག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​འདུ་བྱེད་ཀྱི་རང་བཞིན་དང་། རྣམ་པར་ཤེས་པའི་རང་བཞིན་དང་། མིང་དང་གཟུགས་ཀྱི་རང་བཞིན་དང་། སྐྱེ་མཆེད་དྲུག་གི་རང་བཞིན་དང་། རེག་པའི་རང་བཞིན་དང་། ཚོར་བའི་རང་བཞིན་དང་། སྲེད་པའི་རང་བཞིན་དང་། ལེན་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7412#UT22084-026-001-7412