Degé Kangyur volume 27, F.17.a

བརྗོད་ཀྱིས། གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ་། །​གང་ཐོས་པར་མི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། །​དེ་ལ་སུ་ཡང་སྟོན་པ་དང་ཉན་པ་དང་། ཤེས་པར་བྱེད་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡི་གེ་མེད་པའོ། །​ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ཞིག་སྤྲུལ་ཏེ། སྤྲུལ་པ་དེས་ཀྱང་དགེ་སློང་དང་། དགེ་སློང་མ་དང་དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་མངོན་པར་སྤྲུལ་ལ་དེ་ནས་སྤྲུལ་པ་དེས་སྤྲུལ་པའི་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། འཁོར་དེར་སུས་ཀྱང་བསྟན་པར་གྱུར་པའམ། སུས་ཀྱང་ཐོས་པར་གྱུར་པའམ། སུས་ཀྱང་ཤེས་པར་གྱུར་པ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་བཙུན་པ་རབ་འབྱོར་དེ་ནི་མེད་དོ། །​རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་བ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །​སུས་ཀྱང་ཐོས་པ་མེད་དོ། །​སུས་ཀྱང་ཤེས་པ་མེད་དོ་ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་ཆོས་སྟོན་པ་མཐོང་ན་ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། དེ་ལ་བསྟན་པའམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །​རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །​སུས་ཀྱང་ཐོས་པ་མེད་དོ། །​སུས་ཀྱང་ཤེས་པ་མེད་དོ། །​ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིས་ཤིག་རིའི་སུལ་དུ་འཁོད་དེ། སངས་རྒྱས་ཀྱི་ལེགས་པ་ཡང་བརྗོད་ཆོས་དང་དགེ་འདུན་གྱི་ལེགས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7409#UT22084-026-001-7409