Degé Kangyur volume 27, F.14.a

བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བདག་གི་ཚེ་ནི་ཚད་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བདག་གིས་སྐྱེས་བུ་ཆེན་པོའི་སུམ་ཅུ་རྩ་གཉིས་ལས་མཚན་རེ་རེ་ཞིང་ཡང་བསོད་ནམས་བརྒྱས་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཇི་ཙམ་ཡོད་པ་དང་། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་། ནུབ་བྱང་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཇི་ཙམ་ཡོད་པ་དེ་ཙམ་གྱི་ཐ་གྲུར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་བསྒྲུབ་བོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བདག་གིས་བྱང་ཆུབ་ཀྱི་ཤིང་གི་དྲི་སེམས་ཅན་གང་གིས་ཚོར་ཡང་རུང་སྟེ། དེ་དག་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གནོད་པ་མེད་པར་གྱུར་ཅིག །​ཉན་ཐོས་ཀྱི་སེམས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མ་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་བྱ་བ་དང་། སེམས་ཅན་གང་གིས་བྱང་ཆུབ་ཀྱི་ཤིང་གི་དྲི་དེ་ཚོར་བར་གྱུར་པ་དེ་དག་གིས་ལུས་སམ་སེམས་ལ་ནད་གང་ཡང་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བདག་གིས་སངས་རྒྱས་ཀྱི་ཞིང་དེར་གཟུགས་ཀྱི་སྒྲ་ཡོད་པར་མ་གྱུར་ཅིག་ཅེས་བྱ་བར། དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་སྒྲ་ཡོད་པར་མ་གྱུར་ཅིག་ཅེས། བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7403#UT22084-026-001-7403