Degé Kangyur volume 27, F.12.b

གནས་ཤེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ས་གཉིས་པ་དང་ས་གསུམ་པ་དང་ས་བཞི་པ་དང་ས་ལྔ་པ་དང་ས་དྲུག་པ་དང་ས་བདུན་པ་དང་ས་བརྒྱད་པ་དང་ས་དགུ་པ་དང་ས་བཅུ་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། གནས་པ་ནི་མི་བརྟན་པར་འགྱུར་བའི་ཕྱིར་རོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཡང་དག་པར་སྤོང་བ་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་དབང་པོ་རྣམས་དང་། སྟོབས་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱའོ། །​བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ། །​བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7400#UT22084-026-001-7400