Degé Kangyur volume 27, F.8.b

གཉིས་སུ་བྱར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ནི་ཉན་ཐོས་ཀྱིས་སྟོང་ངོ་། །​རང་སངས་རྒྱས་ནི་རང་སངས་རྒྱས་ཀྱིས་སྟོང་ངོ་། །​སངས་རྒྱས་ནི་སངས་རྒྱས་ཀྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་ཉན་ཐོས་སྟོང་པ་ཉིད་དང་། རང་སངས་རྒྱས་སྟོང་པ་ཉིད་དང་། སངས་རྒྱས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་སྟོང་ངོ་། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་རྒྱུན་དུ་ཞུགས་པའི་འབྲས་བུ་སྟོང་པ་ཉིད་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་གནས་པར་མི་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7392#UT22084-026-001-7392