Degé Kangyur volume 27, F.7.b

དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པས་སྟོང་ངོ་། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟོང་པ་ཉིད་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་ནང་སྟོང་པ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །​ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7390#UT22084-026-001-7390