Degé Kangyur volume 26, F.373.b

བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་སྲུང་ཞིང་། དེ་ཡང་གནས་པས་སྲུང་སྟེ། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚུལ་ཁྲིམས་སྲུང་ངོ་། །​འདི་ནི་ཚུལ་ཁྲིམས་སོ། །​བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་དོ། །​ཞེས་བྱ་བ་ནས་དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་ཚུལ་ཁྲིམས་སུ་འདུ་ཤེས་པ་དང་། ཆགས་པ་འདི་དག་གསུམ་ཞེས་བྱ་བའི་བར་ལ་ཆགས་ཤིང་། ཚུལ་ཁྲིམས་སྲུང་སྟེ། འདི་ནི་འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །​དེ་ཅིའི་ཕྱིར་འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་མི་གཡོ་མི་འཕགས་མི་འདའ་བས། དེའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །​དེ་ལ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་སྲུང་བའི་ཚེ། བདག་མི་དམིགས་སེམས་ཅན་མི་དམིགས། ཚུལ་ཁྲིམས་མི་དམིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མི་བྱེད་ཅིང་། ཚུལ་ཁྲིམས་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་སྟེ། སེམས་ཅན་དེ་དག་ཀྱང་མི་དམིགས་པར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་ཞིང་། མཚན་མ་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདའ་བས། དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །​དེ་ལ་འཇིག་རྟེན་པའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7360#UT22084-026-001-7360