Degé Kangyur volume 26, F.369.a

སྤོབས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་མ་སྐྱེས་པའི་ཆོས་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་དང་། སྤོབས་པ་གང་ཡིན་པ་དང་། བརྗོད་པ་གང་ཡིན་པ་དང་། མི་སྐྱེ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བལྟར་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བརྗོད་པ་ནི་སྐྱེ་བ་མེད་ཅེས་བྱ་བ་ཡིན་ཏེ། སྤོབས་པ་ཡང་སྐྱེ་བ་མེད་ལ་ཆོས་ཀྱང་སྐྱེ་བ་མེད་དེ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བརྗོད་པ་ནི་མ་སྐྱེས་པའོ། །སྤོབས་པ་ནི་མ་སྐྱེས་པའོ། །​ཆོས་ནི་མ་སྐྱེས་པའོ། །​གང་ལས་བརྩམས་ཏེ་སྨྲ་བར་སྤོབས་པའི་ཆོས་དེ་དག་ཀྱང་མ་སྐྱེས་པའོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་གཟུགས་སྐྱེ་བ་མེད་དོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྐྱེ་བ་མེད་དོ། །​མིག་སྐྱེ་བ་མེད་དོ། །​རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་སྐྱེ་བ་མེད་དོ། །​གཟུགས་སྐྱེ་བ་མེད་དོ། །​སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་སྐྱེ་བ་མེད་དོ། །​མིག་གི་རྣམ་པར་ཤེས་པ་སྐྱེ་བ་མེད་དོ། །​རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མེད་དོ། །​མིག་གི་འདུས་ཏེ་རེག་པ་སྐྱེ་བ་མེད་དོ། །​རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྐྱེ་བ་མེད་དོ། །​མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེ་བ་མེད་དོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7351#UT22084-026-001-7351