Degé Kangyur volume 26, F.367.a

བསྔལ་གྱི་འདུ་ཤེས་བསྐྱེད་ན། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱ་བར་མི་ནུས་ཀྱི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་རྣམས་ལ་མར་འདུ་ཤེས་བསྐྱེད་པ་དང་། ཕར་འདུ་ཤེས་བསྐྱེད་པ་དང་། བདག་ཏུ་འདུ་ཤེས་བསྐྱེད་པ་དང་། བུར་འདུ་ཤེས་བསྐྱེད་པས། སེམས་ཅན་གྲངས་མེད་ཚད་མེད་པའི་དོན་བྱ་བ་དེ་ཡང་མི་དམིགས་པའི་ཚུལ་དུ་ནུས་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་སེམས་བསྐྱེད་དེ། ཇི་ལྟར་བདག་བདག་ཅེས་བྱ་བ་ཡང་དེ་ནི་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་ཅིང་མི་དམིགས་པ་དེ་བཞིན་དུ་ཕྱི་ནང་གི་ཆོས་རྣམས་ལ་ཡང་འདུ་ཤེས་བསྐྱེད་དེ། དེ་ལྟར་འདུ་ཤེས་བསྐྱེད་ཀྱང་དགའ་བའི་འདུ་ཤེས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་གང་ཡང་མི་ལེན་མི་གནས་པའི་ཕྱིར་རོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་མ་སྐྱེས་པ་ལ་དེ་བཞིན་གཤེགས་པ་ཡོད་པར་མི་འདོད་དོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མི་འདོད་དོ། །​དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར་ན། མ་སྐྱེས་པའི་ཆོས་ཀྱིས་འཐོབ་པའམ་འཐོབ་པར་བྱ་བ་མེད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཆོས་སྐྱེས་པས་འཐོབ་པར་འདོད་དམ། འོན་ཏམ་མ་སྐྱེས་པའི་ཆོས་ཀྱིས་འཐོབ་པར་འདོད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་སྐྱེས་པའི་ཆོས་ཀྱིས་ཀྱང་འཐོབ་པར་ཡང་མི་འདོད་དོ། །​མ་སྐྱེས་པའི་ཆོས་ཀྱིས་ཀྱང་འཐོབ་པར་མི་འདོད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་འོ་ན་འཐོབ་པ་མེད་ལ་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འཐོབ་པར་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་དེ། གཉིས་ཀྱིས་མ་ཡིན་གྱི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འཐོབ་པའམ་མངོན་པར་རྟོགས་པ་ནི་འཇིག་རྟེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7347#UT22084-026-001-7347