Degé Kangyur volume 26, F.345.b

སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བགྱི་བར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་ཤེས་བགྱི་བར་མངོན་པར་ཤེས་པ་རྣམས་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཅེས་བགྱི་བར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་དག་ནི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཞེས་བགྱི་བར་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མིག་ཡང་དག་པར་རྗེས་སུ་མི་མཐོང་། །​སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་རྗེས་སུ་མི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7304#UT22084-026-001-7304