Degé Kangyur volume 26, F.344.a

གྲུབ་པ་མ་གཏོགས་པར། གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​ཞེས་སྨྲས་ཤེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་བྱེད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ལ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །​ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ། སྨིག་རྒྱུ་དང་འདྲ་བ་སྒྲ་བརྙན་དང་འདྲ་བ་མིག་ཡོར་དང་འདྲ་བ། སྤྲུལ་པ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་བས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྟན་པ་འདི་ཐོས་ན་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ་འདི་ནི་གཟུགས་ཤེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་ཤེས་པ་ལ་མི་དམིགས་ཤིང་། མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་མིག་ཅེས་བགྱི་བར་མིག་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བགྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7301#UT22084-026-001-7301