Degé Kangyur volume 26, F.331.a

ཡང་འདི་སྐད་དུ་ཅིའི་ཕྱིར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟར་མིང་ནི་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ། གང་ན་ཡང་མི་གནས་སོ། །​མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྐྱེ་མཆེད་ཅེས་བྱ་བ་དང་། ཁམས་ཤེས་བྱ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་འདི་ནི། གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟར་མིང་ནི་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ། གང་ན་ཡང་མི་གནས་སོ། །​མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྐྱེ་མཆེད་མ་ཡིན། ཁམས་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱ་བའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འདི་ནི་མིང་ཙམ་སྟེ། མིང་ལ་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མེད། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་མིང་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7275#UT22084-026-001-7275