Degé Kangyur volume 26, F.324.b

ཅད་མཁྱེན་པ་ཉིད་མེད་པ་ཡང་གཞན་མ་ཡིན། ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། ཐམས་ཅད་མཁྱེན་པ་མེད་པ་གང་ཡིན་པ་དང་། ཐམས་ཅད་མཁྱེན་པ་སྟོང་པ་ཉིད་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །​བྱང་ཆུབ་སེམས་དཔའ་ཕྱི་མའི་མཐའ་དང་། དབུས་སུ་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་ནམ་མཁའ་དང་མཉམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་དང་དབུས་མི་དམིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མིང་དུ་བརྗོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་དང་དབུས་མི་དམིགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7262#UT22084-026-001-7262