Degé Kangyur volume 26, F.313.a

ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་མ་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་རིལ་གྱིས་ཡང་དག་པར་རྗེས་སུ་མ་མཐོང་མ་དམིགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་འདི་ནི་མིང་ཙམ་དུ་བས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་ཇི་ལྟར་བདག་བདག་ཅེས་བགྱི་བ་ཡང་། བདག་ནི་མངོན་པར་གྲུབ་པ་མ་མཆིས་སོ། །​བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ཡང་། བྱང་ཆུབ་སེམས་དཔའ་ནི་མངོན་པར་གྲུབ་པ་མ་མཆིས་སོ། །​དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་རང་བཞིན་ལ། གཟུགས་མངོན་པར་གྲུབ་པ་ལྟ་ཡང་གང་ཞིག་མཆིས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མངོན་པར་གྲུབ་པ་ལྟ་ཡང་གང་ཞིག་མཆིས། གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ། །​གང་མངོན་པར་མ་གྲུབ་པ་དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མ་ལགས་སོ། །​ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་མངོན་པར་མ་གྲུབ་པ་ཞིག་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའམ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་མངོན་པར་མ་གྲུབ་པ་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དམིགས་སུ་མ་མཆིས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7239#UT22084-026-001-7239