Degé Kangyur volume 26, F.288.b

དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དཔག་ཏུ་མེད་པའི་ཕྱིར། ནམ་མཁའ་དཔག་ཏུ་མེད་པར་རིག་པར་བྱའོ། །​ནམ་མཁའ་དཔག་ཏུ་མེད་པའི་ཕྱིར། ཐེག་པ་ཆེན་པོ་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ། སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་མེད་པར་རིག་པར་བྱའོ། །​ཆོས་ཀྱི་དབྱིངས་མེད་པའི་ཕྱིར། ནམ་མཁའ་མེད་པར་རིག་པར་བྱའོ། །​ནམ་མཁའ་མེད་པའི་ཕྱིར། ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །​ཐེག་པ་ཆེན་པོ་མེད་པའི་ཕྱིར། མི་འཇལ་བ་མེད་པར་རིག་པར་བྱའོ། །​མི་འཇལ་བ་མེད་པའི་ཕྱིར། མི་འགྲངས་པ་མེད་པར་རིག་པར་བྱའོ། །​མི་འགྲངས་པ་མེད་པའི་ཕྱིར། མི་དཔོགས་པ་མེད་པར་རིག་པར་བྱའོ། །​མི་དཔོགས་པ་མེད་པའི་ཕྱིར། ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །​རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ཆོས་ཀྱི་དབྱིངས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མི་འཇལ་བ་གང་ཡིན་པ་དང་། མི་འགྲངས་པ་གང་ཡིན་པ་དང་། མི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར། དེ་བཞིན་ཉིད་མེད་པར་རིག་པར་བྱའོ། །​དེ་བཞིན་ཉིད་མེད་པའི་ཕྱིར། ནམ་མཁའ་མེད་པར་རིག་པར་བྱའོ། །​ནམ་མཁའ་མེད་པའི་ཕྱིར། ཐེག་པ་ཆེན་པོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7190#UT22084-026-001-7190