Degé Kangyur volume 26, F.285.b

ཡོངས་སུ་མྱ་ངན་ལས་འདའོ། །​ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །​རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི། དེ་དེ་བཞིན་ནོ། །​རབ་འབྱོར་དེ་དེ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ། །​ལྷོ་དང་ནུབ་དང་བྱང་དང་བླ་དང་འོག་དང་། ཕྱོགས་མཚམས་དམིགས་སུ་མེད་དོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ནི་ཤར་ཕྱོགས་དམིགས་སུ་མེད་དོ། །​ལྷོ་དང་ནུབ་དང་བྱང་དང་བླ་དང་འོག་དང་ཕྱོགས་མཚམས་དམིགས་སུ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་ཐེག་པ་ཆེན་པོ་དེ་ཡང་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་མ་ཡིན། ཤེལ་དང་དངུལ་གྱི་མདོག་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་མ་ཡིན། ཤེལ་དང་དངུལ་གྱི་མདོག་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་འགྲིབ་པ་མེད་དོ། །​འཕེལ་བ་མེད་དོ། །​འབྲི་བ་མེད་དོ། །​གང་བ་མེད་དོ། །​རབ་འབྱོར་དེ་བཞིན་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7184#UT22084-026-001-7184