Degé Kangyur volume 26, F.276.b

ས་བདུན་པ་དང་། ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་པ་ནི་གང་ཞེ་ན། འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། སངས་རྒྱས་ཀྱི་ས་སྟེ། ནང་སྟོང་པ་ཉིད་ཀྱི་ཕྱིར། ས་དང་པོ་དམིགས་སུ་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ས་དང་པོ་དམིགས་སུ་མེད་དོ། །​ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུའི་བར་དུ་དམིགས་སུ་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ས་བཅུའི་བར་དུ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར། ས་དང་པོ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ། །​ས་བཅུ་པའི་བར་དུ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ། །​ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར། མིག་ལྔ་དམིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། མིག་ལྔ་དམིགས་སུ་མེད་དོ། །​རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས། ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7166#UT22084-026-001-7166