Degé Kangyur volume 26, F.274.a

ཐམས་ཅད་མཁྱེན་པ་ཉིད་དམྱིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པའི་ཕྱིར། སྐྱེ་བ་མེད་པ་དམྱིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པའི་ཕྱིར། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དམྱིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པའི་ཕྱིར། སྔོན་གྱི་མཐའ་དམྱིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པའི་ཕྱིར། ཕྱི་མའི་མཐའ་དམྱིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པའི་ཕྱིར། ད་ལྟར་བྱུང་བ་དམྱིགས་སུ་མེད་དོ། །​ཤིན་དུ་རྣམ་པར་དག་པའི་ཕྱིར། འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་འཕོ་དང་། སྐྱེ་བ་དང་། འགྲིབ་པ་དང་། འཕེལ་བ་དམྱིགས་སུ་མེད་དོ། །​གང་མི་དམྱིགས་པས་ཐམས་ཅད་དམྱིགས་སུ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་མི་དམྱིགས་པས་ཆོས་ཀྱི་དབྱིངས་དམྱིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན། མི་དམྱིགས་པ་ཡང་མ་ཡིན་ནོ། །​དེ་བཞིན་ཉིད་མི་དམྱིགས་པས། དེ་བཞིན་ཉིད་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན། མི་དམྱིགས་པ་ཡང་མ་ཡིན་ནོ། །​ཡང་དག་པའི་མཐའ་མི་དམྱིགས་པས། ཡང་དག་པའི་མཐའ་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པའི་མཐའ་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན། མི་དམྱིགས་པ་ཡང་མ་ཡིན་ནོ། །​བསམ་གྱིས་མི་ཁྱབ་པའི་དབྱིངས་མི་དམྱིགས་པས། བསམ་གྱིས་མི་ཁྱབ་པའི་དབྱིངས་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན། མི་དམྱིགས་པ་ཡང་མ་ཡིན་ནོ། །ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་མི་དམྱིགས་པས། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན། མི་དམྱིགས་པ་ཡང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7161#UT22084-026-001-7161