Degé Kangyur volume 26, F.269.b

དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་གྱི་ངོ་བོ་ཉིད་ལ་ནི་གནས་པའམ་མི་གནས་པ་མེད་དོ། །​སྒྱུ་མའི་ངོ་བོ་ཉིད་དང་། སྨིག་རྒྱུའི་ངོ་བོ་ཉིད་དང་། སྒྲ་བརྙན་གྱི་ངོ་བོ་ཉིད་དང་། མིག་ཡོར་གྱི་ངོ་བོ་ཉིད་དང་། གཟུགས་བརྙན་གྱི་ངོ་བོ་ཉིད་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ། མི་གནས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྨི་ལམ་རྨི་ལམ་གྱིས་སྟོང་པའི་ཕྱིར་རོ། །​སྒྱུ་མ་སྒྱུ་མས་སྟོང་པའི་ཕྱིར་རོ། །​སྨིག་རྒྱུ་སྨིག་རྒྱུས་སྟོང་པའི་ཕྱིར་རོ། །​སྒྲ་བརྙན་སྒྲ་བརྙན་གྱིས་སྟོང་པའི་ཕྱིར་རོ། །​མིག་ཡོར་མིག་ཡོར་གྱིས་སྟོང་པའི་ཕྱིར་རོ། །​གཟུགས་བརྙན་གཟུགས་བརྙན་གྱིས་སྟོང་པའི་ཕྱིར་རོ། །​དེ་བཞིན་གཤེགས་པའི་སྤྲུལ་པ་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པའམ། མི་གནས་པ་མེད་དོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7152#UT22084-026-001-7152