Degé Kangyur volume 26, F.267.a

ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་གནས་པ་འམ། མི་གནས་པ་མེད་དོ། །​དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ། མི་གནས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་བའི་ཕྱིར་རོ། །​དེ་བཞིན་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​ཡང་དག་པའི་མཐའ་ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱིས་སྟོང་བའི་ཕྱིར་རོ། །​བསམ་གྱིས་མི་ཁྱབ་པའི་དབྱིངས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་བའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའི་དབྱིངས་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། འདོད་ཆགས་ཟད་པའི་དབྱིངས་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། རབ་ཏུ་བྱང་བའི་དབྱིངས་དང་། འདོད་ཆགས་དང་བྲལ་བའི་དབྱིངས་དང་། འགོག་པའི་དབྱིངས་ལ་ནི་གནས་པའམ། མི་གནས་པ་མེད་དོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ། མི་གནས་པ་མེད་དོ། །​འདོད་ཆགས་ཟད་པའི་དབྱིངས་དང་། རབ་ཏུ་བྱང་བའི་དབྱིངས་དང་། འདོད་ཆགས་དང་བྲལ་བའི་དབྱིངས་དང་། འགོག་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7147#UT22084-026-001-7147