Degé Kangyur volume 26, F.263.b

སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་ནང་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཕྱི་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འབྱུང་བར་འདོད་དུ་ཟད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7140#UT22084-026-001-7140