Degé Kangyur volume 26, F.247.a

གནས་རྗེས་སུ་དྲན་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྣམ་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ཟག་པ་ཟད་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། གནས་དང་གནས་མ་ཡིན་པ་བསྟན་པ་ཤེས་པར་བྱ་བ་མཁས་པར་འགྱུར་བ་དང་། འགྲོ་བ་ལ་མཁས་ཤིང་ལྡོག་པ་ལ་མཁས་པར་འགྱུར་བ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་ལ་མཁས་པ་ཡང་འཐོབ་པར་འགྱུར་ཏེ། རབ་འབྱོར་གཟུངས་ཀྱི་སྒོ་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པ་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་དགུ་པའོ།​། །​།རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ས་ནས་སར་འཕར་ཏེ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ས་ནས་སར་འཕར་བ་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་འཕོ་བ་མེད་པས། ཆོས་གང་ཡང་འོང་བ་མེད་ཅིང་། འགྲོ་བ་མེད་དེ། འཕོ་བའམ་ཉེ་བར་འཕོ་བ་མེད་དོ། །​འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་རློམ་སེམས་སུ་བྱེད་པ་འམ། སེམས་པ་མེད་པར་ས་ཡོངས་སུ་སྦྱོང་བ་ཡང་མི་བྱེད་པ་མ་ཡིན་ལ་ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱོང་བ་གང་ཞེ་ན། རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་ཡོངས་སུ་སྦྱང་བ་བཅུ་པོ་འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བ་དང་། མཚན་མ་མི་དམིགས་པའི་ཕྱིར། ཕན་པའི་དངོས་པོ་ཡོངས་སུ་སྦྱང་ཞིང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7107#UT22084-026-001-7107