Degé Kangyur volume 26, F.233.a

ཀྱི་ངག་གི་ལས་མི་དམིགས་པ་སྟེ། འདི་ནི་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །​དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པ་འཐོབ་པ་སྟེ། འདི་ནི་ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བརྒྱད་པའོ།​། །​།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །​དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་ཀྱང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །​ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས། ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་། རྣམ་པར་སྤྱོད་ཀྱང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །​ཕྱི་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7079#UT22084-026-001-7079