Degé Kangyur volume 26, F.3.a

ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ། བདེན་པ་རབ་ཏུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་རྟག་ཏུ་རྒྱུན་མི་ཆད་པར་མོས་པ། ཆོས་ཀྱི་ཚུལ་བསྟན་པ་ཚད་མེད་པ་ལ་འཇིགས་པ་མེད་པ། བདག་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྣམ་པར་དགོད་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་པ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་ཏུ་རྒྱུན་མི་ཆད་པར་མངོན་དུ་གྱུར་པ། སངས་རྒྱས་འབྱུང་བ་ཐམས་ཅད་དུ་ཉེ་བར་འགྲོ་བ་ལ་མཁས་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་གདབ་པར་མཁས་པ། སེམས་ཅན་གྱི་ལྟ་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐྱེད་པའི་ཉོན་མོངས་པ་ཞི་བར་བྱ་བ་ལ་མཁས་པ། ཏིང་ངེ་འཛིན་བརྒྱ་སྟོང་མངོན་པར་བསྒྲུབ་པ་ལ་རྣམ་པར་རྩེ་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་མཁས་པ། ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། རིན་ཆེན་འབྱུང་གནས་དང་། རིན་ཆེན་སྙིང་པོ་དང་། རིན་ཆེན་བྱིན་པ་དང་། དེད་དཔོན་དམ་པ་དང་། སྐྱེས་བུས་བྱིན་དང་། སྐྱོབ་སྦེད་དང་། ཆུ་བདག་ལྷ་དང་། དབང་པོས་བྱིན་དང་། བཟང་པོའི་སྟོབས་དང་། བློ་གྲོས་དམ་པ་དང་། འཕགས་པའི་བློ་གྲོས་དང་། བློ་གྲོས་འཕེལ་བ་དང་། བློ་གྲོས་མཐའ་ཡས་དང་། དོན་ཡོད་མཐོང་བ་དང་། སྒྲིབ་མེད་བློ་གྲོས་དང་། རབ་ཏུ་ཞུགས་པ་དང་། མཐུ་དམ་པས་རྣམ་པར་གནོན་པ་དང་། བརྩོན་འགྲུས་མཐའ་ཡས་དང་། རྟག་ཏུ་བརྩོན་པ་དང་། རྟག་ཏུ་སྦྱོར་བ་དང་། མི་གཏོང་བརྩོན་པ་དང་། ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་དང་། བློ་གྲོས་དཔེ་མེད་པ་དང་། སྤྱན་རས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6619#UT22084-026-001-6619