Degé Kangyur volume 26, F.185.b

རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་དེ་དག་ཐམས་ཅད་ལ་མ་ཆགས་པ་དང་། མེད་པ་ཉིད་ལ་བསླབ་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པར་བྱ་བ་ཡང་ཆོས་ཐམས་ཅད་པོ་དེ་དག་ཉིད་དོ། །​གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི། ཕར་ཤེས་པ། མར་ཤེས་པ། དགེ་སྦྱོང་དུ་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱི་ནང་ན་རྒན་པ་ལ་རིམ་གྲོ་བྱེད་པ་དང་། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་དང་། ཉམས་སུ་བླང་བ་དང་ལྡན་པའི་དངོས་པོ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། འཇིག་རྟེན་པའི་འདུ་ཤེས་དགུ་སྟེ། འདི་ལྟར་རྣམ་པར་བམ་པའི་འདུ་ཤེས་དང་། འབུ་ཅན་གྱི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་དང་། འཇིག་རྟེན་པའི་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་པའི་རྗེས་སུ་དྲན་པ་བཅུ་སྟེ། འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དག་སྟེ། དེ་དག་ནི་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱའོ། །​གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མི་དགེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། འདི་ལྟར་རབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6984#UT22084-026-001-6984