Degé Kangyur volume 26, F.172.b

སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་དེས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་ན། མི་འཇིགས་མི་སྔང་། སྐྲག་པར་མི་འགྱུར་རོ། །​རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་ཐོས་ན། འཇིགས་ཤིང་དངང་ལ་སྐྲག་པར་འགྱུར་ཞིང་། ཐབས་མི་མཁས་ཏེ། སྡིག་པའི་གྲོགས་པོའི་སུག་པར་ལྷུང་ཞིང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། བཟོད་པའི་ཕ་རོལ་དུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དེ་ལྟ་བུ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐབས་མི་མཁས་པར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6958#UT22084-026-001-6958