Degé Kangyur volume 26, F.162.b

དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་སྤྲུལ་པ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ། །​དེ་དག་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་མི་དམིགས་སོ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ན། འཇིགས་ཤིང་སྔང་བ་དང་། སྐྲག་པར་མི་འགྱུར་ལགས་གྲང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཐབས་ཀྱང་མི་མཁས་པ་ཞིག་སྟེ། དགེ་བའི་བཤེས་གཉེན་གྱི་ལག་ཏུ་ཡང་མ་འོངས་ན། འཇིགས་ཤིང་དངང་བ་དང་། སྐྲག་པར་ཡང་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ན་མི་འཇིགས། མི་དང་མི་སྐྲག་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་སྡུག་བསྔལ་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6938#UT22084-026-001-6938