Degé Kangyur volume 26, F.16.b

ཀྱི་བུ་དེ་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་གཉིས་པ། དེ་ནས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ལ། པད་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ། བཅོམ་ལྡན་འདས་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེའམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ་ཞེས་འདྲི་སྟེ། པད་མོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གྱིས། བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །​ཞེས་ཀྱང་གྱིས་ལ་པད་མོ་འདི་དག་གིས་གཏོར་ཅིག །​རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེ་ལ་བག་ཡོད་པར་སྤྱོད་ཅིག །​དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མགུ་བར་དཀའ་བ་ཡིན་གྱིས་དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བས་རྣམ་པར་གནོན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་དེ་ལས། པད་མོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6646#UT22084-026-001-6646