Degé Kangyur volume 26, F.142.b

བ་དང་དཔྱོད་པ་སྟེ། དེ་ཡང་མཚན་མའི་ཚུལ་དུ་མ་ལགས། མཚན་མ་མཆིས་པའི་ཚུལ་དུ་ཡང་མ་ལགས་སོ། །​དེ་ལྟར་ན་དེ་ནི་མཚན་མ་དང་མཚན་མ་མཆིས་པ་དང་། ཡོངས་སུ་གཟུང་བ་མ་མཆིས་པས་ཡོངས་སུ་བཟུང་བ་ལགས་ཏེ། ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་དེས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་པར་གྱུར་ནས། དད་པའི་རྗེས་སུ་འབྲང་བས་ཉི་ཚེ་བའི་ཡེ་ཤེས་ཀྱིས་ཞུགས་ཏེ། དེ་ལྟར་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་། །​དེ་ནི་འདི་ལྟར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མ་དམིགས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་དེ་ལས་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཆོས་གང་གིས་རྟོགས་པར་བགྱི་བ་དང་། གང་རྟོགས་པར་བགྱིད་པ་དང་། གང་རྟོགས་པར་བགྱི་བ་དེ་ལྟ་བུའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེས་ཡེ་ཤེས་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6898#UT22084-026-001-6898