Degé Kangyur volume 26, F.15.a

དེ་ལས། པད་མོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང་སྤོས་དང་བདུག་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་རྒྱན་དང་གདུགས་དང་རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་བསྟི་སྟང་དུ་བྱ་བ་དང་མཆོད་པ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་གྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོས། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ་ཞེས་འདྲི་སྟེ། པད་མོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོས། བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པད་མོ་དེ་དག་བཞེས་ནས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་སངས་རྒྱས་བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6643#UT22084-026-001-6643