Degé Kangyur volume 26, F.131.b

ལྡན་འདས་བདག་གིས་དོན་གྱི་དབང་དེ་ལྟ་བུ་མཐོང་བའི་སླད་དུ། དེ་སྐད་དུ་བདག་གིས་ཆོས་ཐམས་ཅད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་མིང་དུ་གདགས་པ་ནི་བདག་གི་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་ལྟར་མིང་དེ་ནི་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་པའོ། །​བཅོམ་ལྡན་འདས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྗོད་དེ། རྣམ་པ་འདི་དག་དང་། ཚུལ་འདི་དག་དང་། མཚན་མ་འདི་དག་གིས་བསྟན་པའི་ཚེ། སེམས་ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར་ཞིང་། འགྱོད་པ་མ་མཆིས་ལ། མི་འཇིགས། མི་སྡང་ཞིང་། སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་རྟོགས་པར་བགྱི་སྟེ། གནས་པ་ཞེས་བགྱི་བ་ནི། གནས་པ་མ་མཆིས་པའི་ཚུལ་ལོ། །​བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་གནས་པར་མི་བགྱིའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །​དེས་མིག་ལ་གནས་པར་མི་བགྱིའོ། །​རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པར་མི་བགྱིའོ། །​དེས་གཟུགས་ལ་གནས་པར་མི་བགྱིའོ། །​སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་གནས་པར་མི་བགྱིའོ། །​དེས་མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །​རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6876#UT22084-026-001-6876