Degé Kangyur volume 26, F.129.a

མཐོང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་མིག་ལྔ་དང་། མངོན་པར་ཤེས་པ་དྲུག་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་དབེན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་། སྒྱུ་མ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། ཞི་བ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། འབྱུང་བ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6871#UT22084-026-001-6871