Degé Kangyur volume 26, F.124.a

སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བྱའོ། །​མི་མཉམ་པ་དང་མཉམ་པའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ། །​རླབས་པོ་ཆེའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ། ཞེ་སྡང་དང་། གཏི་མུག་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། གཅོད་པ་དང་། བག་ལ་ཉལ་བ་དང་། ཀུན་དུ་སྦྱོར་བ་དང་། ལྟ་བའི་རྣམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་ཡང་མི་ལྡན་མ་བྲལ་བ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་སེམས་མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་དམིགས་པ་ཡོད་པར་འགྱུར་རམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ། །​རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་ལྟར་སེམས་མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་ཞེས་བྱ་བ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་སྐད་དུ་སེམས་གང་ལ་སེམས་མ་ཡིན་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་ཕྱིར་དྲིས་པ་དེ་འཐད་པར་འགྱུར་རམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ལ་ནི་སེམས་མེད་པ། བསམ་གྱིས་མི་ཁྱབ་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6861#UT22084-026-001-6861