Degé Kangyur volume 26, F.122.b

རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མི་དམིགས་པ་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མི་དམིགས་པ་སྟོང་པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ། ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་བསླབ་པར་བྱ་སྟེ། སློབ་པའི་ཚེ་ཅི་ནས་ཀྱང་གཟུགས་ཤེས་པར་བྱས་ཏེ། གཟུགས་དེས་རློམ་སེམས་སུ་མི་བྱའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། ཚོར་བ་དེ་དང་། འདུ་ཤེས་དེ་དང་། འདུ་བྱེད་དེ་དང་། རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །​མིག་ཤེས་པར་བྱས་ཏེ་མིག་དེས་རློམ་སེམས་སུ་མི་བྱའོ། །​རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཤེས་པར་བྱས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6858#UT22084-026-001-6858