Degé Kangyur volume 26, F.119.b

དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་གཞག་པ་དང་། དེ་ལས་ལངས་ནས་འགོག་པ་ལ་མཉམ་པར་གཞག་པ་དང་། དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མཉམ་པར་གཞག་པར་འཚལ་བ་དང་། དེ་ལས་ལངས་ནས་འགོག་པ་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱིའོ། །​སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱིའོ། །​སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱིའོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱིའོ། །​དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱིའོ། །​རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཟླ་བའི་འོད་ཀྱི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱར་གྱུར་པའི་ཏིང་ངེ་འཛིན་དང་། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་འཇུག་པའི་སྒོའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་རྒྱལ་པོའི་ཏིང་ངེ་འཛིན་དང་། རྒྱལ་པོའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། དཔུང་རྣམ་པར་བཀོད་པའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་གདོན་མི་ཟ་བར་འཇུག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6852#UT22084-026-001-6852