Degé Kangyur volume 28, F.328.a

ཡོངས་སུ་རྫོགས་པར་བྱའོ། །​འོད་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །​ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་པར་བྱས་ཏེ། དབྱངས་གཅིག་གིས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པའི་ཚངས་པའི་དབྱངས་ཡོངས་སུ་རྫོགས་པར་བྱའོ། །​ཞེས་བགྱི་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་དག་རྨི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་རྨི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། བཅོམ་ལྡན་འདས་རྨི་ལམ་ནི་ཡང་དག་པ་མ་ལགས། སྒྲ་བརྙན་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ནི་ཡང་དག་པ་མ་ལགས་ཏེ། བཅོམ་ལྡན་འདས་ཡང་དག་པ་མ་ལགས་པས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པ་དང་། ནང་སྟོང་པ་ཉིད་ལ་སྤྱད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད། སྟོང་པ་ཉིད་ཀྱི་བར་ལ་སྤྱད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8814#UT22084-026-001-8814