Degé Kangyur volume 28, F.326.a

སྐྲའི་རྩེ་མོའི་ཆ་ཤས་གཞག་པ་ཙམ་ཡང་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་གང་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ལ་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་མཛད་ན། སྤྲུལ་པ་དེ་ལ་ལས་གང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བ་འམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་འམ། མིར་སྐྱེ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་འམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8810#UT22084-026-001-8810