Degé Kangyur volume 28, F.325.a

ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཕྱིན་ཅི་ལོག་གི་འདུ་ཤེས་དེ་ལ་ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཕྱིན་ཅི་ལོག་གི་འདུ་ཤེས་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་སྣ་ཚོགས། གླང་པོའི་ཚོགས་སམ། རྟའི་ཚོགས་སམ། གླང་གི་ཚོགས་སམ། དཔུང་བུ་ཆུང་གི་ཚོགས་སམ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་མངོན་པར་སྤྲུལ་ན། སྒྱུ་མ་དེ་དག་ལ་གང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བ་འམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་འམ། མིར་སྐྱེ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་འམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8808#UT22084-026-001-8808