Degé Kangyur volume 28, F.208.a

རབ་འབྱོར་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེ་བྲག་ཡིན་ནོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བཟོད་པ་དེ་ལྟ་བུ་དང་ལྡན་པས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཅིང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡོངས་སུ་རྫོགས་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དང་མི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་ལྔ་དང་མི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་རྣམས་དང་མི་འབྲལ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན། དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་མོ། །​དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་མངོན་པར་བསྒྲུབས་ཏེ། ཕྱོགས་དང་ཕྱོགས་མཚམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8574#UT22084-026-001-8574