Degé Kangyur volume 26, F.98.b

ཆགས་པར་བྱ་བ་དེ་ལྟ་བུའི་ཆོས་ཐམས་ཅད་མེད་པའི་ཕྱིར་རོ། །​རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་རྣམ་པར་འཕེལ་ལོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་རྣམ་པར་འཕེལ་ལོ། །​བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་དག་པར་འཇུག་པར་འགྱུར་རོ། །​ཕྱིར་མི་ལྡོག་པའི་ས་ཡོངས་སུ་གནོན་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱས་ནས་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པ་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ཀྱང་། དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པའི་དགེ་བའི་རྩ་བ་དེ་དག་ཀྱང་མངོན་པར་འབྱུང་བར་འགྱུར་ཏེ། དགེ་བའི་རྩ་བ་དེ་དག་གིས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་སྐྱེ་བར་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཐོས་པར་འགྱུར་ཏེ། ཇི་སྐད་དུ་ཐོས་པའི་ཆོས་དེ་དག་ཀྱང་། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མི་ཆད་པར་འགྱུར་རོ། །​གཟུངས་ཀྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ། །​ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6810#UT22084-026-001-6810