Degé Kangyur volume 28, F.172.a

ཤེས་ཅན་ལ། འཐུན་པའི་བཟོད་པ་ཡང་མ་མཆིས་པས། ཐོབ་པ་ལྟ་ག་ལ་མཆིས་ཏེ་མ་མཆིས། མངོན་པར་རྟོགས་པ་ལྟ་ཡང་ག་ལ་མཆིས་ཏེ་མ་མཆིས་ན་ཅི་ལགས། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་འདུ་ཤེས་ཅན་ལ། འཐུན་པའི་བཟོད་པ་འམ། དཀར་པོ་རྣམ་པར་མཐོང་བའི་ས་འམ། རིགས་ཀྱི་སའམ། བརྒྱད་པའི་ས་འམ། མཐོང་བའི་ས་འམ། བསྲབས་པའི་ས་འམ། འདོད་ཆགས་དང་བྲལ་བའི་ས་འམ། བྱས་པ་རྟོགས་པའི་ས་འམ། རང་སངས་རྒྱས་ཀྱི་ས་འམ། བྱང་ཆུབ་སེམས་དཔའི་ས་འམ། སངས་རྒྱས་ཀྱི་ས་འམ། ལམ་བསྒོམ་པ་གང་ལ་བརྟེན་ཅིང་། ཉོན་མོངས་པ་གང་གིས་བསྒྲིབས་པས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་པར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མི་སྤོངས་པའི་སྒྲིབ་པ། ཉན་ཐོས་དང་ལྡན་པ་འམ། རང་སངས་རྒྱས་དང་ལྡན་པའི་ཉོན་མོངས་པ་དེ་དག་སྤོང་བར་འགྱུར་བའི་ལམ་མཆིས་སམ། བཅོམ་ལྡན་འདས་གལ་ཏེ་ཆོས་སྐྱེ་བར་འགྱུར་བ་གང་ཡང་སྐྱེ་བ་མ་མཆིས་ན། ཇི་ལྟར་ཆོས་དེ་དག་མ་བསྐྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། དངོས་པོ་མེད་པའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་མེད་དོ། །​མངོན་པར་རྟོགས་པའི་ས་མེད་དོ། །​དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ། །​རིགས་ཀྱི་ས་མེད་དོ། །​བརྒྱད་པའི་ས་མེད་དོ། །​མཐོང་བའི་ས་མེད་དོ། །​བསྲབས་པའི་ས་མེད་དོ། །​འདོད་ཆགས་དང་བྲལ་བའི་ས་མེད་དོ། །​བྱས་པ་རྟོགས་པའི་ས་མེད་དོ། །​རང་སངས་རྒྱས་ཀྱི་ས་མེད་དོ། །​བྱང་ཆུབ་སེམས་དཔའི་ས་མེད་དོ། །​སངས་རྒྱས་ཀྱི་ས་མེད་དོ། །​ལམ་བསྒོམ་པ་གང་ལ་བརྟེན་ཅིང་ཉོན་མོངས་པ་གང་གིས་བསྒྲིབས་པས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8502#UT22084-026-001-8502