Degé Kangyur volume 28, F.170.b

ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་འདུ་ཤེས་ནི་གཉིས་སོ། །​རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་འདུ་ཤེས་ནི་གཉིས་སོ། །​འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །​རབ་འབྱོར་དེ་ལྟར་དེ་སྙེད་དུ་འདུ་ཤེས་དང་བཅས་པ་ཐམས་ཅད་དང་། དེ་སྙེད་དུ་འདུ་ཤེས་མེད་པ་དེ་དག་ཐམས་ཅད་ནི་གཉིས་ཏེ། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་དངོས་པོའོ། །​ཇི་ཙམ་དུ་དངོས་པོ་ཡོད་པ་དེ་ཙམ་དུ་འཁོར་བའོ། །​ཇི་ཙམ་དུ་འཁོར་བ་དེ་ཙམ་དུ་སེམས་ཅན་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ་ལོ། །​འདུ་ཤེས་ཐམས་ཅད་ཡིད་ལ་མི་བྱེད་པ་ནི་གཉིས་སུ་མེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་གཉིས་ཀྱི་འདུ་ཤེས་ཅན་ལ་སྦྱིན་པ་མེད་པ་དང་། ཚུལ་ཁྲིམས་མེད་པ་དང་། བཟོད་པ་མེད་པ་དང་། བརྩོན་འགྲུས་མེད་པ་དང་། བསམ་གཏན་མེད་པ་དང་། ཤེས་རབ་མེད་པ་དང་། ལམ་མེད་པ་དང་། ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པར་རིག་པར་བྱའོ། །​རབ་འབྱོར་གཉིས་ཀྱི་འདུ་ཤེས་ཅན་ལ་ནི་ཆུང་ངུ་ན་འཐུན་པའི་བཟོད་པ་ཡང་མེད་ན། གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བླང་བ་དང་དོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8499#UT22084-026-001-8499