Degé Kangyur volume 28, F.164.b

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པ་སྟེ། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་པ་ཡང་མ་ཡིན་ནོ། །​གསོལ་པ། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མ་མཆིས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསྒོམ་པ་ནི། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་པ་ཡང་མ་ཡིན་ཏེ། རབ་འབྱོར་མཚན་ཉིད་མེད་པ་བསྒོམ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​གསོལ་པ། དེ་ཇི་ལྟར་ན་མཚན་ཉིད་མ་མཆིས་པ་བསྒོམ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​གསོལ་པ། བཅོམ་ལྡན་འདས་དེ་ཇི་ལྟར་ཆོས་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​མིག་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །སྒྲ་དང་དྲི་དང་རོ་དང་རེག་དང་། ཆོས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​མིག་གི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའོ། །​རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8487#UT22084-026-001-8487