Degé Kangyur volume 28, F.163.b

ཉིད་ལ་བསླབ་པར་མི་བགྱི་འམ། བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་གི་མཚན་ཉིད་ལ་བསླབ་པར་མི་བགྱི་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་ལ་བསླབས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་མ་འདས་ན། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཇི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། ཆོས་ཀྱི་འཁོར་ལོ་མ་བསྐོར་ན། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོས་སེམས་ཅན་རྣམས་འཁོར་བ་ལས་དགྲོལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ལ་ལ་ཞིག་ལ་མཚན་ཉིད་ཡོད་ན་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་དེ་ལ་བསླབ་པར་ཡང་འགྱུར་ན། ཆོས་ཐམས་ཅད་ལ་མཚན་ཉིད་མེད་ཅིང་གཟུགས་མེད། བསྟན་དུ་མེད་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པ། མཚན་ཉིད་གཅིག་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་ལ་ཡང་བསླབ་པར་མི་བྱ། མཚན་ཉིད་མེད་པ་ལ་ཡང་བསླབ་པར་མི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། སྔོན་ཆད་མཚན་ཉིད་མེད་པར་གྱུར་པ་འམ། ཕྱིས་མཚན་ཉིད་ཡོད་པར་གྱུར་པ་མ་ཡིན་གྱི། རབ་འབྱོར་ཆོས་འདི་དག་ནི་སྔོན་ཆད་ཀྱང་མཚན་ཉིད་མེད་ལ། ད་ལྟར་ཡང་མཚན་ཉིད་མེད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་ལ་ཡང་བསླབ་པར་མི་བྱ། མཚན་ཉིད་མེད་པ་ལ་ཡང་བསླབ་པར་མི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མེད་པའི་དབྱིངས་འདི་ནི་དེ་བཞིན་དུ་གནས་པའོ། །​གསོལ་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8485#UT22084-026-001-8485