Degé Kangyur volume 28, F.162.b

ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན། འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་དང་། ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་པས། དེའི་ཕྱིར་དེ་དག་ནི་འཕགས་པ་ཞེས་བྱ་སྟེ། འདི་ནི་དེ་དག་གི་ཆོས་དང་འདུལ་བ་ཡིན་པས། དེའི་ཕྱིར་འཕགས་པའི་ཆོས་འདུལ་བ་ཞེས་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། དེ་དག་ནི་གཟུགས་མེད་པ་དང་གཟུགས་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །​བསྟན་དུ་མེད་པ་དང་། བསྟན་དུ་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །​ཐོགས་པ་མེད་པ་དང་། ཐོགས་པ་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །​མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ། མཚན་ཉིད་མེད་པའི་ཕ་རོལ་དུ་ཕྱིན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །དེས་དེ་ལ་བསླབས་ན། ཆོས་ཀྱི་མཚན་ཉིད་གང་ཡང་དམིགས་པར་མི་འགྱུར་རོ། །​རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ། བསམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8483#UT22084-026-001-8483